ཕུགས་འདུན།

ཕབ་ལེན་བྱོས། 下载

>>>>>> མ་འོངས་ཕུགས་འདུན་ཕྱོགས་བསྒྲིགས་དང་པོ།

བོད་པའི་ས་ཆའི་བདག་དབང་སྐོར་གྱི་ཕུགས་འདུན།

བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ།།

རི་མཐོ་ས་གཙང་གངས་རི་གཉན་གྱི་ཡུལ།།

བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་།།

ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི།།

ཟེར་བ་ལྟར། བོད་ཀྱི་ས་བབས་ཆགས་ཚུལ་ཀྱི་ངོས་ནས་བརྗོད་ན་གོ་ལའི་ཡང་རྩེ་ཡིན་པས། འཛམ་གླིང་གི་སྲིད་འབྱོར་རིག་གསུམ་གང་གི་ཐད་ནས་ཀྱང་ཧ་ཅང་གནད་འགག་ཆེ་བའི་ས་ཆ་ཞིག་ཆགས་ཡོད་ལ། ལྷག་པར་དུ། རྨ་འབྲི་རྫ་གསུམ་སོགས་འགྲོ་བ་མིའི་ཤེས་རིག་གི་འབྱུང་ཁུངས་སུ་གྱུར་བའི་གཙང་ཆུ་གང་མང་ཞིག་རི་བོ་གངས་ཅན་གྱི་ལྗོངས་ནས་མཆེད་དེ། འཛམ་གླིང་གི་མི་གྲངས་དུང་ཕྱུར་༡༤་ལྷག་ལ་ད་དུང་ཡང་ཚེ་སྲོག་གི་རྩ་བ་རྒྱུན་མ་ཆད་པར་བསྐྲུན་གྱི་ཡོད་ལ། ཚན་རིག་པས་ཀྱང་བོད་ཀྱི་ས་ཆའི་གནས་བབས་གལ་ཆེན་དུ་བརྩིས་ཏེ་བོད་ཡུལ་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་ཀྱང་འབོད་ཀྱི་ཡོད།

དེ་ཡང་སྟོད་མངའ་རིས་སྐོར་གསུམ་ནས། བར་དབུས་གཙང་རུ་བཞི་དང་། སྨད་མདོ་ཁམས་སྒང་དྲུག་བར་གྱི་སྤྱི་ལེ་གྲུ་བཞི་མ་ས་ཡ་ ༢་༥ ལྷག་གི་མཚམས་ལ་བརྐྱངས་བའི་གངས་རིའི་མུ་ཁྱུད་ཀྱིས་མཛེས་པའི་ལྗོངས་འདིའི་གཞི་འཛིན་ཐོག་མ་ནི་གདོང་དམར་བོད་པ་ཡིན་པས། བོད་ཡུལ་གྱི་ས་ཆའི་བདག་དབང་སྤྱིའི་ཆ་ནས་བོད་མི་ལ་ཡོད་པ་རྩོད་མེད་ཡོངས་གྲགས་རེད། བདག་དབང་དེ་ཡང་བྱེ་བྲག་ཏུ་བབས་ན་བོད་ཀྱི་ལུང་ཚན་རེ་རེ་དང་གྲོང་ཚོ་རེ་རེ། ཁྱིམ་ཚང་རེ་རེ་ལ་ཡོད་པ་ཞིག་ཡིན། འོན་ཀྱང་། འདས་པའི་ལོ་ངོ་མང་པོའི་རིང་རྩྭ་ས་ཞིང་ས་གཞུང་བཞེས་དང་། གཏེར་ཁ་སྔོག་འདོན། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྣམ་གྲངས། ཁོར་ཡུག་སྲུང་སྐྱོབ། རྒྱལ་ཁབ་སྤྱི་གླིང་གསར་འཛུགས་སོགས་ལ་བརྟེན་ནས། ཁྱིམ་ཚང་རེ་རེ་དང་གྲོང་ཚོ་རེ་རེའི་ས་ཆའི་བདག་དབང་ཤོར་དང་ཤོར་མུས་ཡིན་པ་ནི་མདོར་ན་བོད་ཀྱི་ས་ཆའི་བདག་དབང་ཤོར་བཞིན་པ་དང་། བོད་ཀྱི་ས་ཆའི་བདག་དབང་བོད་མི་ལ་མི་དབང་བའི་གནས་སྟངས་ཀྱི་འོག་ཏུ། བོད་ཀྱི་ས་བདག་ངོ་མ་རོང་འབྲོག་མང་ཚོགས་ཀྱིས་སྔར་བཞིན་ཞུམ་པ་མེད་པར་ཇུས་ངན་དེ་དག་ལ་གདོང་གཏད་ནས་ཕ་ས་ཕ་ཡུལ་སྲུང་སྐྱོབ་བྱེད་མུས་ཡིན་ལ། དེ་ནི་ང་ཚོའི་འཚོ་གནས་དང་། བརྩི་ཐང་། བོད་མིའི་ངོ་བོ་བཅས་ལ་སྲུང་སྐྱོབ་བྱས་པ་ཞིག་རེད།

མ་འོངས་པར་བོད་མི་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བོད་མི་ནང་ཁུལ་གྱི་ས་རྩོད་ཆུ་རྩོད་ཆུང་ཆུང་དག་ལ་མགོ་མ་འཁོར་བར། རྒྱ་ཆེ་ས་ནས་བོད་ཀྱི་ས་ཆའི་བདག་དབང་རྩོད་རྒྱུ་གལ་ཆེན་ཏུ་བཟུང་ནས། ཕ་ཡུལ་གངས་ལྗོངས་ཀྱི་རི་ཆུ་ནགས་གསུམ་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས། ཕ་མེས་ཡང་མེས་ནས་བརྒྱུད་ཅིང་ནང་སེམས་པའི་རྟེན་ས་རུ་གྱུར་བའི་རུ་སྡེ་ཚོ་བ་བཅས་ཀྱི་བདག་དབང་སྲུང་སྐྱོབ་བྱས་ཏེ་མ་འོངས་བའི་བུ་རབས་ཚ་རྒྱུད་ལ་བརྒྱུད་སྤྲོད་བྱེད་དགོས་ཤིང་། བོད་ཀྱི་ས་ཆའི་སྟེང་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་རྒྱུན་གནས་ཐུབ་པ་དང་། བོད་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས་ལ་འཚམ་པའི་ཐུན་མིན་གྱི་འཚོ་བ་སྐྱེལ་སྟངས་རྒྱུན་གནས་ཐུབ་པ། ས་ཆ་བདག་གཉེར་དང་དེ་ལ་བརྟེན་བའི་ཁེ་ཕན་དག་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་བཅས་ནི་མ་འོངས་བོད་ཀྱི་ས་ཆའི་བདག་དབང་གི་འཕྲལ་ཕུགས་ཀྱི་འདུན་མའི་ཡང་རྩེ་ཡིན་ནོ།།

གཅིག འབྲོག་སའི་རིན་ཐང་དང་མ་འོངས་བའི་ཕུགས་འདུན།

རང་རེའི་བསིལ་ལྡན་གྱི་ལྗོངས་འདི་ལ་མིག་གིས་ཕ་མཐའ་མི་མངོན་པའི་ཡངས་བའི་རྩྭ་ཐང་དང་། དྭངས་ཤིང་གཙང་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ། ཚང་ཚིང་གཡུ་ལོ་རྒྱས་བའི་སྔོ་ལྗང་གི་ནགས་ཚལ་སོགས་རང་བྱུང་གི་ཐོན་ཁུངས་གྱ་ནོམ་པོ་ཡོད་སྟབས། འབྲོག་ལས་རྒྱུན་སྐྱོང་བྱེད་པར་འཚམ་པའི་ཆ་རྐྱེན་ཡོངས་སུ་འཛོམས་ཡོད་ལ། རིག་གཞུང་དང་དཔལ་འབྱོར། སྐྱེ་ཁམས་བཅས་ཀྱི་ངོས་ཐད་ནས་གླེང་ན། སྒང་བ་བོད་པ་ཚོས་དུས་རབས་མང་པོའི་རིང་མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་ཏེ། འཛམ་གླིང་སྟེང་གི་ཚད་གཞི་ཆེས་མཐོ་ཤོས་ཀྱི་གྲས་སུ་ཚུད་པའི་འབྲོག་པའི་ཤེས་རིག་ཅིག་གསར་བསྐྲུན་གནང་ཡོད། དེ་ལྟར་ཕྱི་ནང་གི་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་རྐྱེན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་འབྲོག་ལས་རིག་གནས་དེ་མདོ་དབུས་ཁམས་གསུམ་གྱི་ས་ཁྱོན་ལས་བརྒལ་ཏེ། འབྲུག་དང་བལ་ཡུལ། རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུ་དར་ཁྱབ་བྱུང་ཡོད།

རང་ས་རང་ཡུལ་གྱི་བདག་པོ་ངོ་མ་ཡིན་པའི་ཆ་ནས། བོད་མི་ཚོས་དུས་ཡུན་རིང་པོར་མཐོ་སྒང་གི་ཁོར་ཡུག་དང་འཚམས་པའི་ལག་ལེན་ཁག་སྐྱེད་སྲིང་དང་གོང་སྤེལ་བཏང་ཡོད། འགྲོ་བ་མིའི་འཚོ་བ་སྐྱེལ་སྟངས་དང་། སྤྱི་ཚོགས་ཤིག་གི་ངོས་ནས་བརྗོད་ན། ཕྱུགས་ཟོག་འཚོ་སྐྱོང་ནི་དཔལ་འབྱོར་རང་ཁ་རང་གསོའི་ལམ་ཁ་ཞིག་ཡིན། འབྲོག་པ་ཚོས་རྟ་ནོར་ལུག་གསུམ་གསོ་སྐྱོང་བྱས་པས། དེ་དག་གིས་ཁོང་ཚོར་འཚོ་བཅུད་དང་། གྱོན་ཆས། སྡོད་གུར། འབུད་རྫས། འགྲུལ་བསྐྱོད། རྩེད་རིགས་སོགས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་དགོས་མཁོ་ཡོངས་སུ་བསྐང་ཐུབ་ཀྱི་ཡོད།

སྲོལ་རྒྱུན་གྱི་འབྲོག་པའི་སྤྱི་ཚོགས་ནི་འཚོ་བ་རང་སྐྱོང་གི་རྩ་འཛུགས་ཤིག་ཡིན་ལ། རྩ་འཛུགས་དེས་སྒྲིག་ཁོངས་ཀྱི་མི་ཚང་མར་ལྟ་སྐྱོང་བྱེད་རྒྱུ་དང་། མི་རེ་རེས་ཀྱང་རྩ་འཛུགས་ཀྱི་འགྲིག་ལམ་སྲུང་བརྩི་བྱ་རྒྱུ་དམ་བཅས་བའི་ལམ་ལུགས་ཤིག་གྲུབ་ཡོད། ལམ་ལུགས་དེ་ནི་སྤྱི་མོས་ཀྱི་ལམ་ལུགས་ཤིག་ཡིན་པས། ཁྱིམ་ཚང་ཚང་མས་ཉིན་རེའི་འཚོ་བའི་ནང་རང་དབང་ལོངས་སུ་སྤྱོད་ཅིང་། ཛ་དྲག་གི་དུས་སྐབས་སུ། ཚང་མས་གོང་བུ་གཅིག་གྱུར་གྱི་ཐོག་ནས་རྩ་འཛུགས་དེར་རྒྱབ་སྐྱོར་བྱེད་ངེས་ཡིན།

འབྲོག་པ་ཚོས་ལོ་ངོ་སྟོང་ཕྲག་མང་པོའི་རིང་དུ་སྐྱེ་ཁམས་མ་ལག་དང་མཉམ་དུ་འཆམ་མཐུན་ངང་འཚོ་གནས་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་ལ། རྩི་ཤིང་དང་འབུ་སྲིན་ཚུད་པའི་སྲོག་ཆགས་ཚང་མར་བརྩི་བཀུར་བྱེད་པར་སྐུལ་འདེད་གཏོང་བའི་འཚེ་མེད་ཞི་བའི་རིག་གནས་ཤིག་གསར་གཏོད་གནང་ཡོད། མ་གཞི་ཁོང་ཚོས་སྒོ་ཕྱུགས་གསོ་སྤེལ་བྱེད་ཀྱི་ཡོད་རུང་། དུད་འགྲོ་དག་ལ་བྱམས་ཀྱིས་སྐྱོང་བ་དང་བཀའ་དྲིན་བསམ་ཤེས་བྱེད་པ་དེ་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་འབྲོག་པའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན།

གལ་གནད་ཆེ་ཤོས་ནི་བོད་ཀྱི་འབྲོག་པ་ཚོས་རི་ཆུ་ནགས་གསུམ་སོགས་ལྷ་ཀླུའི་བཞུགས་གནས་ཡིན་པར་ངོས་འཛིན་བྱས་ཏེ། དེ་དག་བཤུ་གཞོག་དང་འབག་བཙོག་གི་གནོད་པ་ཐེབས་སུ་མ་བཅུག་པར་དུས་ཡུན་རིང་པོར་སྲུང་སྐྱོབ་བྱ་ཐུབ་ཡོད་ལ། རང་བྱུང་ཁོར་ཡུག་ལ་མི་གནོད་པའི་འཚོ་བ་སྐྱེལ་སྟངས་ཤིག་རྒྱུན་འཁྱོངས་གནང་ཡོད། དཔེར་ན། དུས་ཚིགས་ཀྱི་འགྱུར་བ་དང་བསྟུན་ནས། འབྲོག་པ་ཚོ་རུ་སྤོར་ནས་རྩྭ་ས་བརྗེ་བ་དེས་ཕྱུགས་ཟོག་གི་བདེ་ཐང་འགན་ལེན་བྱེད་པ་ཙམ་མ་ཟད། རྩྭ་ཐང་སྲུང་སྐྱོབ་ཀྱང་བྱེད་ཐུབ་ཀྱི་ཡོད།

དེར་བརྟེན། འབྲོག་ལས་ནི་རྗེས་ལུས་ཀྱི་འཚོ་ཐབས་ཤིག་མ་ཡིན་པར། གཏོར་བརླག་དང་འབག་བཙོག འཛད་སྤྱོད་རིང་ལུགས་བཅས་ལས་གྲོལ་ཐབས་ཀྱི་འཚོ་བའི་ལམ་ཁ་ཞིག་ཡིན། དེང་སང་བོད་པ་ལྟ་བུའི་འབྲོག་པའི་སྤྱི་ཚོགས་ནི་ཁོར་ཡུག་དང་ཡུན་གནས་ཀྱི་འཚོ་བའི་ཐད་ལ་མཐོང་རྒྱ་ཆེ་ཞིང་། སྔོན་ཐོན་ཅན་ཞིག་ཡིན་པ་དུས་ཀྱིས་ར་སྤྲོད་བྱེད་ཀྱི་ཡོད། འདི་ལྟར་འབྲོག་པ་རྣམས་སོ་སོའི་ས་ཆའི་བདག་པོ་ཙམ་མ་ཡིན་པར་བོད་ཀྱི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་བྱེད་མཁན་ཡང་ཆགས་ཡོད། ཕྱིའི་བཙན་འཛུལ་དང་། བཙན་འཛུལ་དེའི་མཇུག་འབྲས་ལ་བརྟེན་ནས། ནགས་ཚལ་གཅོད་འབྲེག་དང༌། རྡུལ་ཕྲན་གྱི་སྙིགས་རོ་འཕེན་པ། གཏེར་ཁ་སྔོག་འདོན། ཆུ་རགས་རྒྱག་པ། གཙང་པོའི་ཁ་བསྒྱུར་བ། རི་དྭགས་རྔོན་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་པའི་དེང་གི་དུས་འདིར་མ་སླེབས་པའི་སྔ་རོལ་དུ། བོད་ཀྱི་རིག་གནས་འདི་ཡོད་པའི་རྐྱེན་གྱིས། མཐོ་སྒང་གི་ཡུལ་གྲུ་འདི་སྐྱེ་ཁམས་ངོས་ཐད་ཀྱི་དག་ཞིང་ཞིག་ཏུ་གནས་ཐུབ་པ་བྱུང་ཡོད།

འབྲོག་ལས་ཀྱི་མ་འོངས་པའི་ཕུགས་འདུན།

༡༽ ས་ཆའི་བདག་དབང་སྲུང་སྐྱོབ།

མ་འོངས་པར་འབྲོག་པའི་འཚོ་གནས་རྒྱུན་མ་ཆད་པར་ཡུན་གནས་ཐུབ་པ་ལ། དང་ཐོག་ངེས་པར་དུ་འབྲོག་པའི་ཐོབ་ཐང་ངོས་ལེན་དང་། འབྲོག་པའི་ས་ཆའི་བདག་དབང་སྲུང་སྐྱོབ་བྱེད་པ་ནས་མགོ་འཛུགས་དགོས། གྲོང་ཁྱེར་རྒྱ་བསྐྱེད་དང་། ཞིང་ལས་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་སོགས་ཀྱིས་ཕྱོགས་ཡོངས་ནས་འབྲོག་པའི་འཚོ་བར་གནོན་ཤུགས་ཆེན་པོ་བསྐྲུན་མུས་ཡིན་པའི་སྐབས་འདིར། རང་དབང་གི་སྒོ་ནས་རྩྭ་ས་ལོངས་སུ་སྤྱོད་ཆོག་པ་དང་། རུ་སྤོར་བའི་གནས་སྐབས་སུ་གཞུང་ལམ་བཀོལ་ཆོག་པའི་ལོ་རྒྱུས་རང་བཞིན་གྱི་འབྲོག་པའི་ཐོབ་ཐང་ཁག་སྲུང་སྐྱོབ་བྱེད་པར་རིག་གཞུང་དང་ཁྲིམས་ལུགས་ངོས་ཐད་ཀྱི་སྒྲོམ་གཞི་ཞིག་རྩ་འཛུགས་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་ལ། སྲོལ་རྒྱུན་གྱི་ལམ་སྲོལ་དང་དེང་གི་ཁྲིམས་ལུགས་ཀྱི་ཚད་གཞི་གཉིས་ཀ་མངོན་པར་བྱ་ཆེད། སྒྲོམ་གཞི་དེ་འཛུགས་སྐབས་སུའང་འབྲོག་པའི་ལྷ་སྡེ་ཡུལ་སྡེ་ཚོར་ངེས་པར་དུ་གྲོས་བསྡུར་བྱ་དགོས། འབྲོག་པའི་རྩྭ་ས་དང་ནོར་ཕྱུགས་དོ་དམ་བྱེད་ཕྱོགས་ཀྱི་གནད་དོན་རིགས་གང་ཡིན་རུང་། དེ་ཐག་གཅོད་བྱེད་པའི་དབང་ཆ་ལྟེ་བ་འབྲོག་པ་ཚོར་ཡོད་དགོས། འབྲོག་པའི་ས་ཆའི་བདག་དབང་སྲུང་སྐྱོབ་བྱ་མ་ཐུབ་ཚེ། འབྲོག་པའི་འཚོ་གནས་ཀྱི་རྩ་བ་དང་། དུས་ཚིགས་དང་བསྟུན་པའི་གནས་སྤོ། རུ་སྡེའི་རྩྭ་ས་ལོངས་སྤྱོད་ཀྱི་ཐོབ་ཐང་སོགས་ལ་ཉེན་ཁ་འཕྲད་ངེས།

༢༽ ཡུན་གནས་ཐུབ་པའི་འཕེལ་རྒྱས།

འབྲོག་ལས་ཀྱི་མ་འོངས་པའི་ཕུགས་འདུན་དེ་བཟང་སྤྱོད་དང་ཡུན་གནས་ཐུབ་པའི་འཕེལ་རྒྱས་གཉིས་ལ་གཞི་བཅོལ་དགོས། འབྲོག་ལས་དེང་རབས་ཅན་དུ་བསྒྱུར་སྐབས། ནོར་ཕྱུགས་ཀྱི་བདེ་སྡུག་དང་། སྐྱེ་ཁམས་དོ་མཉམ། རིག་གནས་ཀྱི་རིན་ཐང་སོགས་བློས་གཏོང་བྱེད་མི་རུང་། འབྲོག་ལས་ཡར་རྒྱས་དང་འབྲེལ་བའི་ལས་དོན་གང་ཡིན་རུང་། འབྲོག་པའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་འབྲེལ་བའི་རིག་གཞུང་གི་རིན་ཐང་དང་དེང་རབས་ཡུན་གནས་ཐུབ་པའི་འཕེལ་རྒྱས་གཉིས་ཀར་མཐུན་པའི་བདེ་འཇགས་ཀྱི་ལག་ལེན་ཁག་སྐུལ་འདེད་གཏོང་དགོས། དེང་རབས་ཅན་གྱི་འབྲོག་ལས་ཀྱི་བྱེད་ཐབས་ཁག་ལག་བསྟར་བྱེད་སྐབས། སྲོལ་རྒྱུན་གྱི་བྱེད་ཐབས་ཁག་ལ་གུས་བརྩི་བྱས་ཏེ་གནའ་དེང་ཟུང་འབྲེལ་གྱི་དབུ་མའི་ལམ་ཁ་ཞིག་ལ་བསྙེག་ཐུབ་ན། ཕྱོགས་གཅིག་ནས་བོད་ཀྱི་འབྲོག་པ་ཚོས་སྒོ་ཟོག་སེམས་ཅན་རིགས་བཀོལ་སྤྱོད་བྱེད་རྒྱུའི་ཅ་དངོས་ཙམ་ཞིག་གི་ཚད་དུ་མ་བཞག་པར། བྱམས་ཀྱིས་སྐྱོང་བའི་མི་དང་སེམས་ཅན་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཟབ་མོ་དེ་རྒྱུན་སྐྱོང་གནང་ཐུབ་ལ། ཕྱོགས་གཞན་ཞིག་ནས། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་ལ་གོམས་འདྲིས་བྱས་པ་བརྒྱུད་དེ། འབྲོག་པའི་འཚོ་བ་ཡུན་གནས་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཐུབ།

༣༽ རང་མགོ་རང་ཐོན་དང་དོ་མཉམ་པའི་འབྲོག་ལས་དེང་རབས་ཅན།

དེང་རབས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབྲོག་ལས་གཉེར་ཐབས་ལས་སླ་རུ་བཏང་ཆོག དཔེར་ན། རྗེས་འདེད་འཕྲུལ་ཆས་སོགས་ལ་བརྟེན་ནས་ཕྱུགས་ཟོག་འཚོ་སྐྱོང་དང་། ཕྱུགས་སྨན་སྐོར་སྐྱོད་སྡེ་ཚན་སོགས་བཙུགས་ནས། འབྲོག་ལས་ཀྱི་ནུས་པ་སྲ་བརྟན་དང་གོང་མཐོར་གཏོང་ཐུབ། ཕྱུགས་ཟོག་གི་ཉེན་སྐྱོབ་ལས་འཆར་གྱིས་ཐན་སྐྱོན་དང་། ནད་ཡམས། ཡང་ན་ཁྲོམ་རའི་ཉམས་རྒུད་བཅས་ཀྱི་སྐབས་སུ་ཛ་དྲག་གི་རོགས་སྐྱོར་བྱེད་ཐུབ། གཞན། རྒྱལ་ཁབ་དང་ས་ཁུལ་གཞན་གྱི་འབྲོག་པ་དང་་ཉམས་མྱོང་བརྗེ་རེས་ཀྱི་ལས་གཞི་སྤེལ་ན། རིག་གཞུང་ཕན་ཚུན་བར་ནས་ཤེས་བྱ་གསར་པ་བསྡུ་ལེན་དང་ཐུན་མོང་གི་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་བར་ཕན་ཐོགས།

གཉིས་པ། ད་ལྟའི་གནས་སྟངས་སམ་དཀའ་ངལ།

ཀ༽ ཕྱི་རྐྱེན་གྱི་དཀའ་ངལ།

  • རྒྱལ་ཁབ་སྤྱི་གླིང་འཛུགས་བསྐྲུན་དང་། གཞུང་ལམ་དང་གནམ་ཐང་འཛུགས་སྐྲུན། ཉི་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན། ཆུ་མཛོད་དང་བཟོ་གྲྭ་འཛུགས་སྐྲུན། སྤྲོ་སྐྱིད་གླིང་ཀ་འཛུགས་སྐྲུན་བྱེད་པ་སོགས་ལ་བརྟེན་ནས་བོད་མི་རྣམས་ཀྱི་རྩྭ་སའི་བདག་དབང་ཤོར་བཞིན་པ།

  • སྐྱེ་ཁམས་ཕྱུགས་ལས་ཀྱི་སྲིད་ཇུས་ཀྱི་འོག་ཏུ་འབྲོག་པ་རྣམས་ལ་རྩྭ་ཐང་དུ་སྒོ་ཟོག་འཚོ་སྐྱོང་བྱེད་དུ་མི་འཇུག་པ་དང་བཙན་གྱིས་གནས་སྤོར་ཏུ་འཇུག་པ།

  • སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལ་ཁ་གཡར་ནས་རྩྭ་སར་ལྕགས་ར་བསྐོར་ཞིང་འབྲོག་པ་རྣམས་ལ་རྩྭ་ས་བེད་སྤྱོད་གཏོང་དུ་འཇུག་གི་མེད་པ།

  • གཞུང་གིས་རྩྭ་ཐང་དུ་ཤིང་སྡོང་དང་རྩྭ་ལྡུམ་གྱི་རིགས་སྣ་ཚོགས་འདེབས་འཛུགས་བྱས་ཏེ་རྩྭ་སའི་ངོ་བོ་སྒྱུར་ནས་མཐའ་མར་འབྲོག་པའི་རྩྭ་སའི་བདག་དབང་ཤོར་བཞིན་པ།

  • རྩྭ་སའི་སྟེང་གཏེར་ཁ་ཕོན་ཆེན་པོ་སྔོག་འདོན་བྱས་ཏེ་འབྲོག་པའི་རྩྭ་ས་ལ་གཏོར་བརླག་གཏོང་བཞིན་པ།

  • གཞུང་གི་སྲིད་ཇུས་འདྲ་མིན་གྱི་འོག་འབྲོག་པ་རྣམས་བཙན་གྱིས་མཁར་རྫོང་ལ་གནས་སྤོ་རུ་བཅུག་པ་དེས་འབྲོག་མིའི་སྲོལ་རྒྱུན་གྱི་འཚོ་ཐབས་དང་། སྐད་དང་རིག་གནས་ཀྱི་ངོ་བོ། འབྲོག་མིའི་སྤྱི་ཚོགས་ཀྱི་འབྲེལ་ལམ་སོགས་ཉམས་དམས་སུ་འགྲོ་བཞིན་པ།

  • འབྲོག་པ་རྣམས་ནམ་དུས་ཀྱི་འགྲོས་དང་བསྟུན་ནས་རུ་སྤོ་རུ་མ་བཅུག་པར་གནས་གཅིག་ཏུ་བཀག་སྡོམ་བྱས་པ་དང་། ལྕགས་རྭ་བསྐོར་བ། རྩྭ་སའི་ཐོག་ཕྱུགས་ཟོག་འཚོ་སྐྱོང་བྱེད་དུ་མ་བཅུག་པ། རྩྭ་ས་ཞིང་སར་བསྒྱུར་བ། གཏེར་ཁ་བསྔོག་འདོན་བྱས་པ་བཅས་ལ་བརྟེན་ནས་རྩྭ་ཐང་བྱེ་ཐང་དུ་འགྱུར་བཞིན་པའི་དཀའ་ངལ།

    ཕྱི་རྐྱེན་གྱི་དཀའ་ངལ་སེལ་ཐབས་ལ།

    ༡༽ འབྲོག་པའི་རྩྭ་ས་བེད་སྤྱོད་ཀྱི་ཐོབ་ཐང་ངོས་ཟིན་རྒྱུ།
    འབྲོག་པའི་རྩྭ་སའི་བདག་དབང་ལ་གནོད་པའི་གོང་གི་ལས་གཞི་དག་གི་འབྱུང་ཁུངས་དང་། དོན་གཉེར་བྱེད་མཁན། ལས་གཞིའི་གཞི་རྒྱ་ཆེ་ཆུང་དང་དུས་ཡུན། ལས་གཞིའི་རིམ་པ་དང་ངོ་བོ། སྤྱི་སྒེར་གང་ཡིན་སོགས་འབྲེལ་ཡོད་མི་སྣ་དང་། སྲིད་གཞུང་ཆ་འཕྲིན་གསལ་བསྒྲགས་ཀྱི་བརྒྱུད་རིམ (政府信息公开程序) སོགས་བརྒྱུད་ནས་རྒྱུས་ལོན་བྱ་རྒྱུ།

    ༢༽ ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་རྩྭ་སའི་བདག་དབང་སྲུང་སྐྱོབ་བྱ་རྒྱུ།
    ལས་གཞི་གང་རུང་ཞིག་ལ་རྐྱེན་བྱས་ནས་རྩྭ་སའི་བདག་དབང་ཤོར་གྱི་ཡོད་ན། དེ་དང་འབྲེལ་བའི་ཁོར་ཡུག་གི་གནད་དོན་སྐོར་ལ་གླེང་སློང་བྱ་རྒྱུ་དང་། ཕྱོགས་མཚུངས་འབྲོག་པའི་འཚོ་བ་རོལ་སྟངས་དང་། སྒོ་ཕྱུགས་འཚོ་སྐྱོང་བྱེད་ལུགས་སོགས་ཀྱིས་རྩྭ་ས་དང་ཁོར་ཡུག་གི་བདེ་ཐང་ལ་ཕན་ཐོགས་ཡོད་པའི་བརྗོད་དོན་གླེང་གཞི་བཟོ་རྒྱུ།

    ༣༽ ཐབས་ལམ་སྣ་མང་བེད་སྤྱོད་གཏོང་རྒྱུ།
    དབྱེ་ཞིབ་སྣ་བཞིའི་ལམ་ནས་དབྱེ་ཞིབ་བྱ་རྒྱུ། རྩྭ་སའི་བདག་དབང་ལ་གནོད་པའི་ལས་གཞི་ཞིག་གཉེར་གྱི་ཡོད་ན། ལས་གཞི་དེ་འགོག་རྒྱུར་རང་ངོས་ན་སྟོབས་ཤུགས་སམ་མཐུན་རྐྱེན་ཅི་ཞིག་ཡོད་མེད་དང་། ལས་གཞི་དེ་འགོག་ཐབས་བྱས་ན་ཉེན་ཁ་ཅི་ཞིག་ཡོད་མེད། དེའི་ཐད་རང་ངོས་ན་གོ་སྐབས་གང་དག་ཡོད་མེད་དང་། མི་འདང་སའམ་ཞན་ཆ་གང་དག་ཡོད་མེད་ཐོག་མར་ཤེས་དགོས་ཤིང་། དབྱེ་ཞིབ་དེ་ལ་གཞིར་བཞག་ནས་རྩྭ་སའི་བདག་དབང་སྲུང་སྐྱོབ་ཐད་གཤམ་གྱི་ཐབས་ལམ་འདི་དག་ལས་གང་འཚམ་ཞིག་བེད་སྤྱོད་གཏོང་རྒྱུ་གལ་ཆེ།

  • གཅིག རྩྭ་སའི་བདག་དབང་ཤོར་བཞིན་པའི་མི་རྣམས་བསྡུ་སྐོང་བྱས་ནས་གྲོས་སྡུར་བྱ་རྒྱུ།

  • གཉིས། རྩྭ་སའི་བདག་དབང་ཤོར་བའི་ཉེན་ཁ་དང་དཀའ་ངལ་གྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ།

  • གསུམ། མི་དམངས་ནང་ཁུལ་དུ་ཁ་མི་འཆམ་པའི་འགལ་རྐྱེན་དག་སེལ་ནས་མཐུན་སྒྲིལ་བྱ་རྒྱུ།

  • བཞི། གཞུང་གི་ལས་བྱེད་དང་། ཁོར་ཡུག་སྲུང་སྐྱོབ་པ། གསར་འགོད་པ། ཁྲིམས་རྩོད་པ། མི་དམངས་འཐུས་མི་སོགས་རང་གི་མཐུན་ཕྱོགས་སུ་འགུག་རྒྱུ།

  • ལྔ། རྩྭ་སའི་བདག་དབང་སྲུང་སྐྱོབ་ཀྱི་ཆེད། རྩྭ་སའི་བདག་དབང་དང་འབྲེལ་བའི་ཡིག་ཆ་དང་བརྙན་པར་སོགས་དྲ་ལམ་དུ་འགྲེམས་སྤེལ་བྱ་རྒྱུ་དང་། གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་རེ་སྐུལ་ཞུ་ཡིག་འབུལ་རྒྱུ། ཁྲིམས་གཏུག་བྱ་རྒྱུ། གཞུང་དང་མཉམ་དུ་གྲོས་མོལ་བྱ་རྒྱུ། མི་དམངས་འདུ་འཛོམས་ཀྱིས་བྱ་འགུལ་སྤེལ་བ་སོགས་ཐབས་ལམ་སོགས་བེད་སྤྱོད་བཏང་ཆོག

  • དྲུག རྩྭ་ས་བསྡུ་ལེན་དང་འབྲེལ་བ་ཡོད་པའི་གནས་ཚུལ་མཐའ་དག་ཐོ་རྒྱག་པའམ། པར་དང་བརྙན་སོགས་ཀྱི་ལམ་ནས་དཔང་རྟགས་ཉར་རྒྱུ།

    ཁ༽ ནང་རྐྱེན་གྱི་དཀའ་ངལ།

  • སྲིད་གཞུང་གིས་འབྲོག་པ་རྣམས་རྫོང་མཁར་དུ་གནས་སྤོ་རུ་འཇུག་པའི་སྲིད་ཇུས་འོག བོད་མི་མང་པོས་གནས་སྐབས་ཀྱི་ཁེ་ཕན་ཆུང་ཆུང་ལས་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་ཀྱི་མེད་པ་དང་། རྨང་གཞིའི་འཛུགས་སྐྲུན་ལས་གཞིའི་གུན་གསབ་ལ་བརྟེན་ནས་རྩྭ་སའི་ཐོབ་ཐང་མི་རྩོད་པའི་དཀའ་ངལ།

  • ལོ་མང་རིང་གཞུང་གིས་དྲིལ་སྒྲོག་སྣ་ཚོགས་བྱས་པ་ལ་བརྟེན་ནས་ད་ལྟའི་གཞོན་སྐྱེས་རྣམས་ཀྱིས་འབྲོག་ལས་ནི་ཆེས་རྗེས་ལུས་དང་འབྲོག་མི་ནི་ཆེས་དམན་པ་ཡིན་པའི་འདུ་ཤེས་འཛིན་བཞིན་པ།

  • རྫོང་མཁར་གྱི་འཚོ་བ་ཡར་ཐོན་རེད་སྙམ་པ་དང་། དེར་ལས་ཞུགས་ཀྱི་གོ་སྐབས་མང་པོ་ཡོད་རེད་སྙམ་སྟེ། རིག་རྩལ་དང་མ་འོངས་པའི་འཆར་གཞི་ཡག་པོ་མེད་བཞིན་དུ། འབྲོག་པ་མང་པོ་ཞིག་ཨ་གསར་དང་ཆུ་སྣ་གར་ཁྲིད་ཀྱིས་རྫོང་མཁར་དུ་གནས་སྤོ་བྱེད་བཞིན་པ།

  • འབྲོག་ལས་ནི་དེང་རབས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་ངོས་ཟིན་ཟབ་མོ་མེད་པ་དང་། བོད་པའི་བདག་སྐྱོང་གི་འོག་འབྲོག་ལས་དེང་རབས་ཅན་ཏུ་བསྒྱུར་ཐུབ་ཀྱི་མེད་པ། འབྲོག་ལས་ཐོན་རྫས་ཚོང་རྫས་སུ་བསྒྱུར་ཐུབ་ཀྱི་མེད་པ།

  • དེང་རབས་ཀྱི་འབྲོག་ལས་མཁོ་ཆས་དང་ཤེས་བྱ། སྦྱོང་བརྡར་སོགས་ཀྱི་མཐུན་རྐྱེན་ཞན་པ།

    ནང་རྐྱེན་གྱི་དཀའ་ངལ་སེལ་ཐབས་ལ།

    ༡ ༽ འབྲོག་ལས་དང་འབྲེལ་བའི་བསམ་བློའི་འདུ་ཤེས་བཅོས་སྒྱུར་གཏོང་བ།

    འབྲོག་པ་ཚོས་རང་བཞིན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ་བྱེད་ཐུབ་ཀྱི་ཡོད་པའི་རྒྱུ་མཚན་གྱིས། ད་ཆ་འབྲོག་ལས་ནི་འདས་ཟིན་པའི་དུས་རབས་ཤིག་གི་འཚོ་བ་སྐྱེལ་སྟངས་ཙམ་མ་ཡིན་པར། འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་འཚོ་གནས་རྒྱུན་འཁྱོངས་བྱེད་པར་མཁོ་བའི་ལས་རིགས་ཀྱི་མ་དཔེ་ཞིག་ཡིན་པར་སྐྱེ་ཁམས་ཚན་རིག་པ་དང་ཁོར་ཡུག་ཉམས་ཞིབ་པ་མང་པོས་ངོས་འཛིན་བྱེད་ཀྱི་ཡོད་ལ། འཛམ་གླིང་ནང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པའི་སུད་སིའི་འབྲོག་པའི་ལག་ཤེས་དང་། རོལ་དབྱངས། དུས་སྟོན། ཚོང་ཟོག་སོགས་ལ་འཛམ་གླིང་ཁྱོན་ཡོངས་ནས་ཆེ་མཐོང་དང་བརྩི་བཀུར་ཞུ་བཞིན་ཡོད་པ་མ་ཟད། དེ་དག་གིས་ཁོང་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་ལའང་ཕན་ཐོགས་ཆེན་པོ་སྒྲུབ་ཐུབ་ཀྱི་ཡོད། དཔེ་མཚོན་འདི་ལྟ་བུས་འབྲོག་ལས་ནི་དེང་རབས་ཀྱི་སྤྱི་ཚོགས་དང་ལྷན་དུ་མཉམ་གནས་བྱེད་ཐུབ་པའི་ལས་རིགས་ཤིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད་སྟབས། བོད་ཀྱི་ན་གཞོན་ཚོས་ཀྱང་འབྲོག་པའི་འཚོ་བ་དེ་དམིགས་བསལ་བ་ཞིག་དང་རིན་ཐང་ལྡན་པ་ཞིག་ཡིན་པར་མ་ཟད། དེང་གི་དུས་སུའང་རྒྱུན་གནས་ཐུབ་པའི་རང་བཞིན་དེ་ངོས་ཟིན་འཐོབ་ཐུབ་པ་བྱ་རྒྱུ་གལ་ཆེ་ལ། དེང་རབས་ཀྱི་འཚོ་བའི་ཁ་ཕྱོགས་ལ་བསྙེག་པར་རང་ཉིད་ཀྱི་འབྲོག་པའི་རྩ་བ་འདོར་དགོས་དོན་མེད་པའི་གནས་ལུགས་དེ་ཤེས་དགོས།

    ༢༽ དཔལ་འབྱོར་ཡོང་འབབ་སྣ་མང་དུ་བསྒྱུར་བ།

    འབྲོག་པའི་འཚོ་ཐབས་རྒྱུན་འཁྱོངས་བྱེད་ཐུབ་པ་ལ་འབྲོག་པའི་འཚོ་བ་ལས་ཐོབ་པའི་ཡོང་འབབ་ཀྱིས་ན་གཞོན་ཚོ་ཡིད་ཚིམ་དུ་འཇུག་ཐུབ་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་བྱ་དགོས་ན་འབྲོག་པ་ཚོས་ཡོང་འབབ་ཀྱི་ཁུངས་སྣ་ཚོགས་བསྐྲུན་དགོས་པ་ལས། སྲོལ་རྒྱུན་གྱི་ལག་ལེན་ཁོ་ནར་གཞི་བཅོལ་ཏེ་སྒོ་ཕྱུགས་ཀྱི་རྒྱུ་ཆ་གཅིག་པུ་བཙོང་བ་ཙམ་གྱིས་མི་འགྲིག

    དཔེར་ན།

    ༡ ཕྱུར་བ་དང་། ཤ་སྐམ། འབྲི་མར་སོགས་སྒོ་ཕྱུགས་ཀྱི་རྒྱུ་ཆ་ཁག་ལ་ཐུམ་རྒྱག་པ་དང་། ལྗང་མདོག་ཐོན་རྫས་ཀྱི་དཔང་ཡིག་ལེན་པའི་ལས་ཀ་སོགས་བསྒྲུབས་ཏེ། དེ་དག་འཛད་སྤྱོད་པའི་དང་བ་འདྲེན་ཐུབ་པའི་རིན་ཐང་འཕར་མའི་ཐོན་རྫས་སུ་བསྒྱུར་ཐུབ་ན། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རྭར་སྙོབ་ཐུབ་པའི་ནུས་པ་ཡོད་པས། དཔལ་འབྱོར་གྱི་ཡོང་སྒོ་ལྡབ་འགྱུར་གྱིས་ཡར་འཕར་ཐུབ།

    ༢ ལག་ཤེས་བལ་གྱི་ཐོན་རྫས་དང་། ཤིང་དང་ཀོ་པགས་ཀྱི་ཅ་དངོས། རྒྱན་ཆ། རང་བྱུང་གི་གཟིམ་སྤོས་སོགས་སྐྱེ་ཁམས་ལ་མི་གནོད་པའི་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་ཆུང་གྲས་རིགས་གོང་འཕེལ་གཏོང་དགོས།

    ༣ རྒྱང་རིང་གི་མགྲོན་པོ་རྣམས་ལ་ཡུལ་སྐོར་སྣེ་ཤན་དང་། རྐང་ཐང་རི་སྐོར་གྱི་ཞབས་ཞུ་ཙམ་མ་ཡིན་པར། སྦྲ་གུར་ནང་འདུག་ཏུ་འཇུག་པ་དང་། ཕྱུགས་ཟོག་འཚོ་རུ་འཇུག་པ། འོ་མ་དཀྲོག་ཏུ་འཇུག་པ་སོགས་འབྲོག་པའི་འཚོ་བ་ཉམས་སུ་མྱོང་དུ་འཇུག་པའི་ཞབས་ཞུའི་རིགས་མཁོ་སྤྲོད་བྱས་ཏེ་ཡུལ་སྐོར་གྱི་རྣམས་གྲངས་གང་མང་གསར་གཏོད་བྱེད་དགོས། དེ་ལྟ་བུའི་ཁེ་ལས་གཉེར་བ་ལ་ཡུལ་སྐོར་མཉམ་ལས་ཁང་འཛུགས་དགོས་ཤིང་། དྲ་ཐོག་གི་ཞབས་ཞུ་སྡིང་ཆ་བཟོས་ཏེ་བོད་པ་ལོ་གཞོན་ཁག་ལ་རིག་གནས་སྣེ་ཤན་པ་དང་ལོ་ཙཱ་བའི་སྦྱོར་བརྡར་སྤྲོད་དགོས།

    ༤ འབྲོག་པའི་འཚོ་བ་དང་ཐོན་རྫས་སྐོར་གྱི་བརྙན་པར་རིགས་སྤྱི་ཚོགས་དྲ་རྒྱའི་སྟེང་ཁྱབ་སྤེལ་བཏང་སྟེ། མཐོ་སྒང་གི་འབྲོག་པའི་ཁྱད་རྫས་དག་རྒྱལ་ཁབ་ཕྱི་ནང་གི་མི་དག་ལ་སྤྱན་འབུལ་ཞུ་ཐུབ་ན། དེང་རབས་ཀྱི་དཔལ་འབྱོར་གོ་སྐབས་ཡོངས་རྫོགས་ཟིན་ཐུབ་པས། ལོ་གཞོན་ཚོས་འབྲོག་པའི་འཚོ་བའི་རིན་ཐང་ངོས་ཟིན་ཐུབ་ལ། ས་གནས་སུ་ལས་ཞུགས་ཀྱི་གོ་སྐབས་སྣ་ཚོགས་བསྐྲུན་ཐུབ་པས། དཔལ་འབྱོར་རང་ཁ་རང་གསོའི་ལམ་ཁར་བསྙེག་ཐུབ།

    རྩིད་པ་དང་ཁུ་ལུའི་ལས་སྣོན་བཟོ་གྲྭ་འཛུགས་པ།

    ཀོ་བ་དང་། བལ། རྩིད་པ། ཁུ་ལུ་སོགས་ཀྱི་ལས་སྣོན་བྱ་སའི་མཉམ་ལས་བཟོ་གྲྭ་བཙུགས་ཏེ་ཐོན་ཁུངས་དེ་དག་ཪིན་ཐང་ཆེ་བའི་ཚོང་རྫས་སུ་བསྒྱུར་ནས། ཉོ་བདག་ཡོད་པའི་གྱོན་ཆས་ཚོང་ལས་ཆེན་པོ་དག་ལ་བཙོང་བ། དེ་དང་མཉམ་དུ་བོད་གཙོས་རྒྱ་ནང་དང་རྒྱལ་སྤྱིའི་སྟེང་གི་མ་རྩ་འཇོག་མཁན་གྱི་ཚོང་གྲོགས་འཚོལ་བ།

    ༣༽ ཤེས་ཡོན་དང་ལག་རྩལ་ཡར་རྒྱས་གཏོང་བ།

    འབྲོག་པ་ལོ་གཞོན་ཚོས་སྒོ་ཕྱུགས་ཚན་རིག་དང་ཕྱུགས་སྨན་རིག་པ། དག་གཙང་སླར་སྐྱེས་ནུས་ཁུངས། རྩྭ་ཐང་འཛིན་སྐྱོང་བཅས་ཀྱི་ཤེས་བྱ་གལ་ཆེན་དུ་བརྩིས་ཏེ་ཆེད་སྦྱོང་གནང་ཐུབ་ན། ཕྱུགས་ཟོག་ལེགས་སྐྱོང་དང་རྩྭ་ས་སྲུང་སྐྱོབ་ཀྱི་བྱ་བཞག་གི་ཐད་ལ་དོན་སྙིང་ལྡན་པའི་ནུས་པ་ཐོན་ཐུབ་པས། ཕུགས་རྒྱང་རིང་པོའི་ཐོག་ནས་འབྲོག་པའི་འཚོ་བ་སྲ་བརྟན་ཏུ་གཏོང་ཐུབ། ད་དུང་། རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་མཉམ་སྒྲུབ་དང་ནོར་ལྷ་ལྟ་བུའི་ཁེ་ལས་སོགས་མིག་དཔེར་བཟུང་སྟེ་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་ཀྱི་ལས་འཆར་སྤེལ་ན། འབྲོག་པའི་སྲོལ་རྒྱུན་དང་ཚོང་ལས་གསར་གཏོད་ཀྱི་སེམས་ཤུགས། ཕུགས་རྒྱང་རིང་བའི་འཆར་འགོད་བཅས་མཉམ་དུ་སྦྲེལ་བར་རོགས་རམ་བྱེད་ཐུབ།

    ༤༽ མཉམ་ལས་ལ་བརྟེན་ནས་རྩྭ་སའི་བདག་དབང་བརྟན་པོར་འཛིན་པ།

    འབྲོག་ས་ནི་ཁ་འཐོར་དུ་གནས་པའི་ས་ཆ་ཞིག་ཡིན་སྟབས། ཡུལ་མི་མ་ཡིན་པའི་མི་གཞན་གྱིས་གང་འདོད་ལྟར་བཀོལ་སྤྱོད་ལོག་པ་བྱེད་དང་བྱེད་མུས་ཡིན། དེ་བས་འབྲོག་པ་ཚོས་ཐུན་མོང་གི་མཉམ་ལས་ཁང་བཙུགས་ན། དཔལ་འབྱོར་གྱི་ཡོངས་ཁུངས་གསར་བསྐྲུན་བྱེད་ཐུབ་པ་མ་ཟད། སྲིད་གཞུང་དང་ཚོང་ལས་སྡེ་ཁག་བཅས་ཀྱིས་ཁྲིམས་འགལ་གྱི་ཐོག་ནས་རྩྭ་ས་བདག་བཟུང་བྱེད་དཀའ་བས། ས་གནས་མི་དམངས་ཀྱིས་སོ་སོའི་རྩྭ་སའི་བདག་དབང་སྲུང་སྐྱོབ་བྱེད་ཐུབ། དེ་ལ་གཞུང་གིས་གཏན་འབེབས་བྱས་པའི་སྲིད་ཇུས་ཀྱི་མཐུན་རྐྱེན་ཡང་ཡོད་དེ། དཔེར་ན། ༡ འབྲོག་པའི་མཉམ་ལས་འཛུགས་མཁན་དང་དེ་ལ་ཞུགས་མཁན་ངེས་པར་དུ་འབྲོག་པ་ཡིན་དགོས་པ། ༢ དམངས་གཉེར་དཔལ་འབྱོར་སྐུལ་འདེད་ཀྱི་ཁྲིམས་གསར་བའི་རྒྱབ་སྐྱོར་ཡོད་པ། ༣ ས་ཞིང་དོ་དམ་གྱི་ཁྲིམས་ལུགས་ནང་དུ། རྩྭ་ས་དོན་དུ་གཉེར་མི་ཐུབ་པའི་འབྲོག་པ་རྣམས་ཀྱིས་རང་གི་རྩྭ་སའི་བདག་དབང་མ་ཤོར་བའི་ཐོག་ནས་རྩྭ་ས་བཀོལ་སྤྱོད་ཀྱི་ཐོབ་ཐང་མཉམ་ལས་ལ་སྤྲད་ཆོག་ཅིང་། རང་གིས་དེར་བསྟུན་གྱི་དཔལ་འབྱོར་ཁེ་ཕན་བླངས་ཆོག་པ་ལྟ་བུའོ།།

    ༥༽ རུ་ཁའི་ཕྱུགས་ཟོག་སྨན་བཅོས་ཞབས་ཞུ་བསྐྲུན་པ།

    འབྲོག་པ་ལོ་གཞོན་རྣམས་ལ་ཕྱུགས་ཟོག་སྨན་བཅོས་ཀྱི་སྦྱོང་བརྡར་སྤྲད་པ་བརྒྱུད་ནས། ཁོང་ཚོས་རང་དང་རུ་སྡེ་གོང་ཞོལ་གྱི་འབྲོག་པ་རྣམས་ལ་ཕྱུགས་ཟོག་སྨན་བཅོས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་ཐུབ་པ་བཟོ་རྒྱུ། དེའི་ཁོངས་སུ་འགོག་ཁབ་རྒྱག་པའི་ལག་རྩལ་སོགས་འདུས། ཁ་པར་བེད་སྤྱད་དེ་ནད་ཡམས་ཀྱི་ཉེན་བརྡ་གཏོང་བ། དྲ་ལམ་བརྒྱུད་ནས་ཕྱུགས་ཟོག་སྨན་བཅོས་བློ་འདྲི་ཞུ་བ་བཅས་ཀྱིས་སྒོ་ཕྱུགས་ཀྱི་བདེ་ཐང་དང་གྲངས་ཀ་འཕེལ་བ་བཅས་ལ་རོགས་རམ་བྱེད་པ། ཞབས་ཞུ་འདིའི་རིགས་རིན་བླངས་ཏེ་སྡེ་བ་གཞན་དག་ལའང་མཁོ་སྤྲོད་བྱས་ན་ཆོག དེ་ལྟར་བྱས་ན་འབྲོག་པ་རང་གི་ཆེད་ལས་ཤེས་བྱ་བཀོལ་ཐུབ་ལ། འབྲོག་པ་ལོ་གཞོན་རྣམས་ལ་ཡོང་འབབ་ལྡན་པའི་ལས་རིགས་ཤིག་མཁོ་སྤྲོད་བྱེད་ཐུབ་པས། ཁོང་ཚོར་འབྲོག་སར་འདུག་འདོད་ཀྱི་འདུན་པ་གསར་པ་ཞིག་བསྐྲུན་ངེས།

    བོད་ཀྱི་ཁ་དཔེར། མགོ་ནག་བརྟེན་ས་སྤུ་ནག་དང་།། སྤུ་ནག་བརྟེན་ས་རྩྭ་ནག།། ཅེས་པ་བཞིན་རྩྭ་ས་ནི་སྤྱིར་ན་བོད་མི་རྣམས་ཀྱི་འཚོ་བའི་བརྟེན་ས་གཙོ་བོ་ཞིག་ཡིན་ལ། རྩྭ་ཐང་ལ་བརྟེན་ནས་བོད་ཀྱི་མི་རབས་མང་པོ་ད་ལྟའི་བར་འཚོ་ཞིང་གནས་ལ། བོད་ཀྱི་འབྲོག་སྐད་དང་། འབྲོག་པའི་སྲོལ་རྒྱུན་གྱིས་མཚོན་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱུན་མང་པོ་ཞིག་ཀྱང་ད་ལྟའི་བར་གནས་ཡོད་པ་རེད།

    ཡིན་ནའང་དེང་སྐབས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་བརྟེན་ནས་བོད་མི་རྣམས་ཀྱི་རྩྭ་ཐང་གི་བདག་དབང་དང་འབྲོག་པ་རྣམས་ཀྱི་འཚོ་གནས་ལ་གཏོར་བརླག་དང་ཉམས་ཆག་ཆེན་པོ་ཞིག་བྱུང་བཞིན་པ་དང་། དེ་དང་འབྲེལ་ནས་རིན་ཐང་བྲལ་བའི་འབྲོག་པའི་རིག་གནས་མང་པོ་ཞིག་ཀྱང་མེད་བརླག་ཏུ་འགྲོ་བཞིན་པ་རེད།

    དེ་བས་ང་ཚོས་ཕྱི་ནང་གི་དཀའ་ངལ་འདི་དག་ལ་གདོང་གཏད་ནས་ང་ཚོའི་རྩྭ་ཐང་གི་བདག་དབང་ལ་སྲུང་སྐྱོབ་བྱ་དགོས་ཤིང་། ལས་དོན་འདི་ང་ཚོས་སོ་སོ་རང་ཉིད་ནས་མགོ་རྩོམ་དགོས་ཤིང་། ཉི་མ་དེ་རིང་ནས་མགོ་རྩོམ་དགོས།

    ༡ ༽ དབྱར་རྩྭ་དགུན་འབུའི་ཚོང་ལས།

    ༢ ༽ བོད་ཀྱི་ཞིང་ལས་དཔལ་འབྱོར།

    ༣ ༽ བོད་ཀྱི་ལག་ཤེས་བཟོ་ལས། ཐོན་སྐྱེད་རྒྱ་བསྐྱེད་དང་རྒྱུན་སྲིང་།

    ༤ ༽ བོད་ཀྱི་འབྲོག་ལས་དེང་རབས་ཅན།

    ༥ ༽ བོད་མིའི་ཆོས་དད་རང་དབང་གི་ཕུགས་འདུན།